༄༅། །སྐྱབས་རྗེ་དམ་པ་༧གྲུབ་དབང་བླ་མ་རིན་པོ་ཆེ་ལུང་རྟོགས་རྒྱལ་མཚན་གྱི་
གསོལ་འདེབས་བྱིན་རླབས་ཆར་འབེབས་
ཞེས་བྱ་བ་བཞུགས་སོ།།
རྨེ་སྤྲུལ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོས་མཛད།
ཨེ་མ་ཧོ།
ཀུན་བཟང་ཐུགས་ཀྱི་བསྟན་པའི་སྲོག་ཤིང་ཅན།།
ངེས་དོན་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ཆེ།།
དུས་མཐར་གངས་རིའི་ཁྲོད་འདིར་སྒྲེང་བའི་གཉེན།།
ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས།།
རི་༷བོ༷་ཅོག༷་བཞ༷ག་ལྟ་བའི་དགོངས་ཀློང་དུ།།
ཡེ་སྟོང་རྩ་བྲལ་རང༷་ཐོ༷ག་ངོ༷་སྤྲ༷ད་ནས།།
ཆོས་ཟད་ཀ་དག་ཆེན་པོར་ལ་བཟློ་བ།།
དྲིན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས།།
རྒྱ་མཚོ་ཅོག་བཞག་སྒོམ་པའི་དགོངས་ཀློང་དུ།།
ཡེ་བབ་སོར་བཞག་གཅིག་ཐོག་ཐག་བཅད་ནས།།
བྱ་བྲལ་ཟང་ཐལ་རྗེན་པར་འགག་སྡོམ་པ།།
དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས།།
སྣང་བ་ཅོག་བཞག་སྤྱོད་པའི་དགོངས་ཀློང་དུ།།
ཡེ་ཤར་རིས་མེད་གྲོལ་ཐོག་གདེངས་བཅས་ཏེ།།
ཡོངས་གྲོལ་མཉམ་པ་ཆེན་པོར་རྒྱས་འདེབས་པ།།
མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས།།
རིག་པ་ཅོག་བཞག་འབྲས་བུའི་དགོངས་ཀློང་དུ།།
ཡེ་རྫོགས་ལྷུན་གྲུབ་གཞི་ཐོག་རྩལ་འཁྱོལ་ཏེ།།
གཞོན་ནུ་བུམ་སྐུ་ཆེན་པོར་བྱང་ཆུབ་པ།།
མཉམ་མེད་བླ་མ་མཆོག་ལ་གསོལ་བ་འདེབས།།
བདག་ཡིད་མགོན་པོ་ཁྱེད་ཀྱི་རྗེས་ཕྱོགས་ནས།།
མོས་གུས་དད་པའི་སྣང་བ་ཁོང་ནས་འབར།།
བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱས་ན།།
ཐུགས་རྒྱུད་དགོངས་པའི་བྱིན་རླབས་མྱུར་འཇུག་གསོལ།།
ཡིན་པ་མེད་པའི་ལྟ་བ་གདེང་དུ་གྱུར།།
མིན་པ་མེད་པའི་སྒོམ་པ་ཉམས་འོག་ཚུད།།
ཡིན་མིན་མེད་པའི་སྤྱོད་པ་ཚད་དུ་འཁྱོལ།།
རང་བྱུང་ཆོས་སྐུའི་གཏན་སྲིད་ཟིན་པར་མཛོད།།
ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་མངོན་སུམ་མཐོང་།།
འོད་གསལ་ཉམས་ཀྱི་སྣང་བ་གོང་དུ་འཕེལ།།
ལྷུན་གྲུབ་ལོངས་སྐུའི་རིག་པ་ཚད་ལ་ཕེབས།།
ཆོས་ཟད་གདོད་མའི་ལྷུམས་སུ་གྲོལ་གྱུར་ཅིག།
དཔོན་སློབ་དམ་ཚིག་གཙང་མའི་རྟེན་འབྲེལ་དང་།།
རྩ་གསུམ་སྲུང་མའི་མཐུན་འགྱུར་བདེན་པའི་མཐུས།།
ཇི་ལྟར་སྨོན་པ་ཡིད་བཞིན་མངོན་གྲུབ་ནས།།
འདྲེན་མཆོག་བླ་མ་རྗེ་དང་དབྱེར་མེད་ཤོག།
ཅེས་མཁན་ཆེན་རྡོ་རྗེ་འཆང་གྲུབ་དབང་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས་འདི་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་སྒྲོམ་དུ། རིག་འཛིན་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་བརྡེག་ཐབས་དང་ཤྲཱི་སེང་ཧའི་མན་ངག་རྣམ་པ་གསུམ། ཛྙཱ་ན་སུ་ཏྲའི་བཞག་ཐབས་རྣམ་པ་བཞི་ལ་སོགས་པའི་གནད་ཚང་བར་བྱས་ཏེ་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་ཀྱི་ཚུལ་དུ་གསེར་ལྗོངས་བླ་མ་རུང་ལྔ་རིག་ཆོས་གྲྭ་ཆེན་མོའི་རང་གནས་ཀྱི་ཁང་བུར་སྙིགས་དུས་ཀྱི་ཆོས་གཟུགས་འཛིན་པ་བསྟན་འཛིན་རྒྱ་མཚོས་ཆུ་རྟ་ཟླ་ཚེས་ཀྱི་སྔ་དྲོའི་ཆར་ལྷག་བསམ་དག་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །