ཞལ་གདམས།
发布时间:2023-12-22
新闻来源:信心花开

སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས། །དབྱེར་མེད་རྩ་བའི་བླ་མ་དང་། །སྙིགས་དུས་སྐྱབས་གཅིག་མཚོ་སྐྱེས་རྗེའི། །རྣམ་སྤྲུལ་ཨོ་རྒྱན་དྲག་རྩལ་གླིང་། །འདི་ཕྱི་བར་གསུམ་ཐུགས་རྗེས་གཟིགས། །བདག་གིས་གདམས་པ་བཤད་པ་འདི། །ཆོས་འགལ་སྤྱོད་པས་ངོ་ཚ་ཆེ། །སྐྱེས་མཆོག་ཁྱེད་ཀྱི་བཞེད་དགོངས་སུ། །དམ་པའི་གསུང་དང་བསྟུན་ནས་བཤད། །བསོད་ནམས་ལྡན་པའི་སྐྱེས་བུ་ཁྱེད། །དང་པོ་ཆོས་ལམ་གཉེར་བའི་ཚེ། །འཁོར་བར་ཆགས་ཞེན་མེད་པ་དེ། །འཁོར་བའི་སྡུག་བསྔལ་ཤེས་པའི་རྟགས། །བར་དུ་དམ་ཆོས་སྒྲུབ་པའི་ཚེ། །ལེ་ལོ་རྣམ་གཡེང་སྤངས་པ་དེ། །རྒྱུ་འབྲས་ཟབ་མོ་ཤེས་པའི་རྟགས། །འགྲོ་དྲུག་སྙིང་རྗེ་སྐྱེས་ནས་ནི། །ཞེ་སྡང་ང་རྒྱལ་ཆུང་བ་དེ། །བྱང་ཆུབ་སེམས་དང་ལྡན་པའི་རྟགས། །བླ་མའི་གདམས་ངག་བསྟན་པའི་ཚེ། །རྣམ་གཡེང་འདུ་འཛི་སྤངས་ནས་ནི། །རྩེ་གཅིག་སྒྲུབ་ལ་བརྩོན་པ་དེ། །དལ་འབྱོར་སྙིང་པོ་ལོན་པའི་རྟགས། །རང་དོན་མཐའ་རུ་ཕྱིན་པའི་ཚེ། །མགོན་མེད་འགྲོ་ལ་སྙིང་རྗེ་སྐྱེས། །དེ་ཚེ་གཞན་དོན་འོང་བའི་རྟགས། །རྒྱུན་དུ་བླ་མ་བསྟེན་ནས་ནི། །སྒོ་གསུམ་བླ་མར་ཕུལ་བ་དེ། །སྒྲུབ་འབྲས་མྱུར་དུ་འབྱོངས་པའི་རྟགས། །ཉིན་མཚན་ཡེངས་མེད་བསྒོམས་ནས་ནི། །ད་ལྟ་རང་སྣང་ཞིང་ཁམས་མཐོང་། །ཚེ་གཅིག་རྫོགས་སངས་རྒྱས་པའི་རྟགས། །བརྒྱུད་པའི་བྱིན་རླབས་མ་ཉམས་པའི།།དྲོད་རྟགས་ནང་ནས་འབྱོངས་པ་དེ། །བླ་མར་མོས་གུས་ཆེ་བའི་རྟགས། །རྟག་ཏུ་སྒོ་གསུམ་གུས་པ་དེ། །རྣམ་རྟོག་ཉོན་མོངས་སྤངས་པ་དང་། །ཆོས་དང་རང་རྒྱུད་འདྲེས་པའི་རྟགས། །ཡང་གསང་བླ་མེད་ཐོབ་པ་དང་། །རྒྱུན་དུ་ཉམས་སུ་ལེན་པ་འདི། །ཚེ་སྔོན་ལས་འབྲས་ཡོད་པའི་རྟགས། །བརྒྱུད་གསུམ་རྩ་བའི་བླ་མ་དེས།། བརྩེ་བས་རྗེས་སུ་འཛིན་པ་དེ། །སྐལ་ལྡན་སྐྱེས་མཆོག་ཡིན་པའི་རྟགས།།རྒྱུན་དུ་བླ་མ་བསྟེན་འདོད་དེ། །བླ་མའི་བཀའ་དྲིན་ཤེས་པ་དང་། །གོང་མའི་རྣམ་ཐར་ཤེས་པའི་རྟགས། །ཚེ་མཇུག་དབེན་རི་འཛིན་འདོད་དེ། །སྔོན་བྱོན་རྒྱལ་བའི་སྤྱོད་པ་ཡིན། །གཉུག་མའི་རང་ས་ཟིན་པའི་རྟགས། །གཉེན་གྲོགས་ལོངས་སྤྱོད་ཞེན་པ་ཆུང་། །ཚེ་འདིའི་སྣང་བ་རྒྱབ་ཏུ་སྤངས། །ཐམས་ཅད་སྒྱུ་མར་ཤེས་པའི་རྟགས། །བདག་ནི་རྨོངས་དང་གཞན་དབང་གིས། །སྙིགས་མའི་འགྲོ་བ་གདུལ་དཀའ་ཡང་། །བླ་མའི་མན་ངག་ཟབ་ཁྱད་ཀྱིས། །སློབ་བུ་ཡོངས་ལ་ཉམས་རྟོགས་སྐྱེས། །གདམས་ངག་སྟོན་པ་དེ་གས་ཡིན། །རང་རྒྱུད་ཡོན་ཏན་མེད་པས་ན། ། །ཚུལ་འཆོས་བྱས་ནས་རང་རྒྱུད་བརླགས། །སྡུག་ཡུས་ཐོན་པ་དེ་གས་ཡིན། །ཁྱེད་ནི་རིག་འཛིན་གོང་མ་ཡི། །བརྒྱུད་པའི་ཁྱད་པར་གཞན་ལས་ཆེ། །ད་ལྟ་སྐྱེས་མཆོག་དམ་པར་ལྡན། །རྣམ་དཔྱོད་བློ་གྲོས་ལྡན་པ་ཡིན། །ཆོས་དང་ལྡན་པའི་གང་ཟག་ལ། །ནག་ཕྱོགས་བདུད་ཀྱིས་འཚེ་བ་མང་། །འཕྲལ་རྐྱེན་བཟློག་པའི་ཐབས་ལ་བརྩོན། །ཤེས་མེད་བྱིས་པའི་ཁ་ཏ་དེ། །དོན་མེད་ཡིན་པར་ལོས་ཀྱང་ཤེས། །སྐྱེས་མཆོག་དམ་པ་འཁྲུངས་དགོངས་ཀྱི། །ཐུགས་ཀྱི་བཞེད་དོན་ཇི་བཞིན་དུ། །བླ་མ་དམ་པའི་ཐུགས་ཀྱི་སྲས། །ལུང་རྟོགས་རྒྱལ་མཚན་ཞེས་བྱས་སྤེལ། །འདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་དང་། །དུས་གསུམ་བསགས་པའི་དགེ་རྩ་གང་མཆིས་པ། །རྒྱལ་སྲས་དམ་པ་རྣམས་ཀྱི་ཐུགས་དགོངས་ལྟར། །བསྔོ་བ་འདི་དག་མྱུར་དུ་འགྲུབ་པར་ཤོག །མངྒ་ལཾ།།